བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་སྐོར།
ང་བཅས་ར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ སངས་རྒྱས་གཉིས་པ་ཨྱོན་གུ་རུ་རིན་པོ་ཆེ་གིས་ སྦས་ཡུལ་གྱི་གནས་སྦེ་ བྱིན་གྱི་རླབས་གནང་པའི་འདི་གའི་མི་སེར་ཚུ་ཡང་ གསང་སྔགས་ཀྱི་བསྟན་པའི་རྗེས་སུ་འཇུག་པའི་ཡུལ་དུ་བསྐྱེད་པའི་ཤུལ་ལས་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ རྒྱལ་ཁབ་ཟེར་བའི་ཐ་སྙད་བཟོ་གནང་ཏེ་་ འབྲུག་རྒྱལ་ཁབ་ནང་ཆོས་སྲིད་གཉིས་ཀྱི་གཞུང་གཞི་བཙུགས་ འབངས་འཁོར་དང་བཅསཔ་ལེགས་ཤོམ་སྦེ་བསྐྱོང་གནང་ནུག། དེ་ལས་རིམ་པ་བཞིན་དུ་ སྡེ་སྲིད་རིམ་པར་བྱོན་ཏེ་ རྒྱལ་ཁབ་དང་མི་སེར་ཚུ་གི་མཐའ་དོན་ལུ་ཕྱག་ལཱ་མང་རབ་མཛད་གནང་པའི་ཤུལ་ལུ་ རྫོང་གཞི་ཁག་ནང་ལས་ཕར་ རྫོང་དཔོན་དྲུང་པ་ལ་སོགས་པ་འདེམས་བཀོད་གནང་ནི་གི་སྲོལ་འགོ་བཙུགས་ནུག།
དུས་ངན་སྙིགས་མའི་སྐྱབས་གནས་ཀྱི་དགོན་ ཨྱོན་གུ་རུ་རིན་པོ་ཆེ་དང་ ཞི་རྒྱས་དབང་དྲག་འགྲོ་བའི་དོན་མཛད་མཁན་ དཔལ་ཞབས་དྲུང་ངག་དབང་རྣམ་པར་རྒྱལ་བས་ལུངས་སྟོན་པ་བཞིན་ འབྲུག་པའི་འབངས་འཁོར་བདེ་བ་བཀོད་ཚུགས་པའི་སྐྱེས་བུ་ ཡབ་རྗེ་འཇིགས་མེད་རྣམ་རྒྱལ་སྐུར་བཞེངས་ དེ་གི་རྒྱལ་སྲས་རིམ་པ་ འབྲུག་རྒྱལ་ཁབ་ཀྱི་ཆོས་སྲིད་རྟེན་པོར་བཟུང་བའི་ཆོས་རྒྱལ་ རེ་འདོད་བསྐང་བའི་ལྗོན་ཤིང་ འབངས་འཁོར་བློ་བསྟོད་པའི་ཕ་གཅིག་ དཔལ་ལྡན་མངའ་འབངས་ག་ར་གི་ སྤྱི་གཙུགས་ཀྱི་ནོར་བུ་ དཔལ་མི་དབང་མངའ་བདག་རིམ་པར་བྱོན་ རྒྱལ་ཁབ་ཞི་བདེ་ཁོ་ནའི་ཕྱག་ལཱ་མཛད་གནང་ཏེ་ རྒྱལ་ཁབ་རང་བཙན་གྱི་རྩ་བ་གཙུགས་ རྒྱལ་ཁབ་གོང་འཕེལ་གྱི་ཕྱག་ལཱ་མཛད་གནང་ཏེ་ དུས་ཚོད་གནས་སྟངས་དང་འཁྲིལ་ ས་གནས་ཁག་ལས་ཕར་གོང་འཕེལ་གྱི་ཕྱག་ལཱ་གནང་ མི་སེར་གྱི་སྐྱིད་སྡུག་ཁོ་ན་གཟིགས་ མི་སྡེ་ནང་དཀའ་ངལ་ཐད་ཀར་སེལ་ནིའི་ཐབས་དང་གོང་འཕེལ་གྱི་ལཱ་ཚུ་གནང་ནི་གི་དོན་ལུ་ རྒྱལ་ཁབ་ཀྱི་སའི་གནས་ཚད་དང་བསྟུན་ རྫོང་ཁག་དྲུང་ཁག་སྦེ་བཟོ་གནང་ནུག
དལ་གཞི་ད་ལྟོ་བསམ་གྲུབ་ལྗོངས་མཁར་རྫོང་ཁག་འདི་ ཧེ་མ་གི་དུས་ལུ་འབད་བ་ཅིན་ ཀོ་ཀྲི་ཟེར་དར་འཁྱབས་སོང་ཏེ་ ད་ལྟོ་གི་རྫོང་མ་ཆགས་པའི་སྔ་གོང་ལུ་ རྫོང་ཁག་འདི་དང་པདྨ་དགའ་ཚལ་རྫོང་ཁག་༢ འདི་ མོང་སྒར་རྫོང་ཁག་གི་ཆ་འོག་ལུ་བཙུགས་ཏེ་ སྐྱེངས་མཁར་དྲུང་ཁག་ ཤུ་མར་དྲུང་ཁག་ བདེ་ཆེན་གླིང་དྲུང་ཁག་སྦེ་བཟོ་གནང་ཏེ་ གཞུང་སྒེར་གྱི་ཕྱག་ལཱ་དེ་འགོ་བཙུགས་ དེ་བཟུམ་སྦེ་ དྲུང་ཁག་འདི་གི་འོག་ལུ་ ཡང་མར་ཚ་ལ་རྒྱ་དྲུང་ཟེར་ རྒྱ་མཚམས་སྲུང་སྐྱོབས་དང་ རྒྱ་ཁྲལ་བསྡུ་ལེན་དོན་ལུ་གཞི་བཙུགས་གནང་ནུག
བསམ་གྲུབ་ལྗོངས་མཁར་རྫོང་འདི་ཡང་ སྤྱི་ལོ་༡༩༦༠ ལུ་ རྒྱལ་ཁབ་གོང་འཕེལ་གྱི་ལོ་ལྔ་འཆར་གཞི་ འགུ་བརྩམས་གནང་པའི་ཤུལ་ལུ་ མི་སྡེ་ཚུ་ལུ་གོང་འཕེལ་འདྲ་མཉམ་བཟོ་ནི་དོན་ལུ་ གོང་ལུ་ཞུ་མི་དྲུང་ཁག་༢ འདི་ལམ་ཐག་རིང་སོངམ་ལས་ མི་དབང་མངའ་ཞབས་ཀྱི་ སྐྱོང་བཞག་དང་སྐྱིད་སྡུག་ལྷོད་ནི་འདི་ལ་ཁག་བཏངམ་ལས་ སྤྱི་ལོ་ ༡༩༦༡ ལུ་ ས་གནས་བདེ་བ་ཐང་ལུ་ གནས་སྐབས་ཀྱི་སྦ་སྒོ་རྐྱབས་ཏེ་ དྲུང་ཁག་གཞི་བཙུགས་གནང་ཏེ་ དྲུང་པ་༼SDO༽ མི་དབང་མངའ་ཞབས་ཀྱི་འདེམས་བསྐོས་གནང་ཏེ་ སྤྱི་ལོ་ ༡༩༦༡ ལས་ ༡༩༧༣ ཚུན་ གོང་འཕེལ་གྱི་ཕྱག་ལཱ་ཚུ་ དྲུང་པ་ཚུ་གིས་མཛད་གནང་ནུག དེ་ལས་ སྤྱི་ལོ་ ༡༩༧༣ ལུ་ བདེ་བ་ཐང་དྲུང་ཁག་གི་མཚན་ཐོ་འདི་མེདཔ་བཟོ་ཞིན་ན་ ༡༩༧༦ ལུ་ རྫོང་གཞི་གསརཔ་གཞི་བཙུགས་འབད་དེ་ ས་གནས་ཀྱི་མིང་ཡང་ ཀོ་ཁྲི་ཟེར་ཡོད་མི་འདི་ བསམ་གྲུབ་ལྗོངས་མཁར་ཟེར་དང་ ཨེས་དྲི་ཨོ་གི་མིང་མེདཔ་བཟོ་བཞིན་ན་ མི་དབང་མངའ་ཞབས་ལས་ རྫོང་བདག་ཟེར་བཀའ་ཤོག་གནང་ཏེ་ སྤྱི་ལོ་ ༡༩༧༦ ལས་ ༢༠༡༩ ཚུན་ མི་དབང་མངའ་ཞབས་ཀྱི་ སྐུ་གསུང་ཐུགས་ཀྱི་ལས་ཚབ་སྦེ་ རྫོང་བདག་རིམ་བྱོན་ཚུ་གིས་ གཞུང་གི་ཕྱག་ཞུ་ཏེ་ཡོདཔ་ཨིན། རིམ་པ་བཞིན་དུ་ གཞུང་གི་ཕྱག་ལཱ་གནངམ་ད་བྱ་སྟབས་བདེ་ཐབས་ལུ་ ༡༩༧༦-༨༡ གི་བར་ན་ བསམ་གྲུབ་ཆོས་གླིང་དྲུང་ཁག་དང་ ངང་ལམ་དྲུང་ཁག་༢ ཨོ་རོང་རྒེད་འོག་ མར་ཚ་ལ་རྒེད་འོག་ པདྨ་ཐང་རྒེད་འོག་ བདེ་ཆེན་གླིང་རྒེད་འོག་ ནོར་བུ་སྒང་རྒེད་འོག་སྦེ་ རྒེད་འོག་༥ བཟོ་ནུག། དེ་གི་ཤུལ་ལུ་ ༡༩༧༧ ལུ་ བསམ་རང་རྒེའ་འོག་ཟེར་ ད་རུང་རྒེད་འོག་གསརཔ་གཞི་བཙུགས་ཏེ་རྒེད་འོག་དྲུག་བཟོ་ སྒོམ་དར་རྒེད་འོག་འདི་ ཧེ་མ་བཀྲ་ཤིས་སྒང་རྫོང་ཁག་འོག་ལུ་ཡོད་མི་འདི་ སའི་ཆགས་ཚུལ་ལས་སྦེ་ བསམ་གྲུབ་ལྗོངས་མཁར་ཆ་འོག་ལུ་ ལམ་ཐག་ཐུངམ་ལས་ སྤྱི་ལོ་ ༡༩༨༨ ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་འོག་ལུ་བཙུགས་ཏེ་ རྒེད་འོག་༧ ལུ་ཡར་སེངས་སོང་ནུག དེ་གི་ཤུལ་ལུ་ སྤྱི་ལོ་ ༡༩༨༩ ལུ་ ལའོ་རི་དང་ གསེར་ཐིག་གི་གཡུས་ཚན་ཚུ་ བཀྲ་ཤིས་སྒང་རྫོང་ཁག་གི་ཆ་འོག་ལུ་ཡོད་མི་འདི་ གཞུང་ཞབས་ཀྱི་བཀའ་རྒྱ་བཞིན་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གིས་རྩིས་ལེན་ཏེ་ ཇོ་མོ་གཙང་ཁ་དྲུང་ཁག་བཟོ་ འདི་གི་འོག་ ལའོ་རི་རྒེད་འོག་ སེར་ཐིག་རྒེད་འོག་ གླང་ཅན་ཕུག་རྒེད་འོག་ཟེར་དབྱེ་བ་ཕྱེ་ཏེ་ རྒེད་འོག་ ༡༠ གུར་ཡར་སེང་ནུག སྤྱི་ལོ་ ༡༩༩༡ ལུ་ པདྨ་ཐང་རྒེད་འོག་འདི་ནང་ མི་སེར་དང་སའི་རྒྱ་ཚད་སྦོམ་དྲགཔ་ལས་ ཕུན་ཚོགས་ཐང་རྒེད་འོག་སྦེ་ རྒེད་འོག་གསརཔ་གཞི་བཙུགས་ཏེ་ བསྡོམས་རྒེད་འོག་༡༡ གུར་ཡར་སེང་ཏེ་གཞུང་གི་ཕྱག་ལཱ་འདི་གནང་ནུག
དུས་ཀྱི་ཕོ་འགྱུར་དང་གོང་འཕེལ་གྱི་ལཱ་ལས་རྟེན་ སྤྱི་ལོ་ ༢༠༠༦ ལུ་ ངང་ལམ་དྲུང་ཁག་དང་ དེ་འོག་གི་ ནོར་བུ་སྒང་རྒེད་འོག་ བདེ་ཆེན་གླིང་རྒེད་འོག་༢ འདི་ པདྨ་དགའ་ཚལ་རྫོང་ཁག་ལུ་རྩིས་སྤྲོད་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་༨༧ གི་གྲོས་ཆོད་ལྟར་ ཨོ་རོང་རྒེད་འོག་ལས་ བདེ་བ་ཐང་རྒེད་འོག་སྦེ་ རྒེད་འོག་གསརཔ་དང་ སྒོམ་དར་རྒེད་འོག་ལས་ ཝང་ཕུག་རྒེད་འོག་སྦེ་གསརཔ་ཁ་ཕྱེ་ཏེ་བཟོ་གནང་ཏེ་ རྒེད་འོག ༡༡ སྦེ་བཟོ་ཡོདཔ་ཨིན། སྤྱི་ལོ་ ༢༠༠༣ ལུ་ བསམ་ལྗོངས་རབ་སྡེ་གྲྭ་ཚང་དེ་གསར་བཞེངས་ཕུལ་ཏེ་ འདི་ལས་རིམ་བཞིན་དུ་ ལྷ་ཁང་འདི་གི་ནང་གི་སྐུ་གསུང་ཐུགས་རྟེན་དང་ ལྡེབ་བྲིས་ གསེར་ཏོག་ རབ་སྡེ་གི་དོན་ལུ་ གུ་རུ་མཚན་བརྒྱད་ཀྱི་མཐོང་གྲོལ་བཞེངས་ རྫོང་གི་སྒོ་ར་དང་དབུ་རྩེ་ཚུ་ཉམས་གསོ་ཞུ རྡོ་བཅལ་གྱི་རྡོ་ལེབ་འགྲིག་ནུག སྤྱི་ལོ་ ༢༠༠༧ རབ་སྡེའི་འཆམ་ཁང་དང་གཟིགས་རས་ ཚེས་བཅུ་གི་རྡོ་བཅལ་གསར་གྲུབ་འབད་ རིམ་པ་བཞིན་དུ་རྫོང་བདག་རིམ་བྱོན་ཚུ་གིས་ གཞུང་ཞབས་ཀྱི་ཐུགས་ཀྱི་དགོངས་པ་ མི་སེར་དགའ་སྐྱིད་དཔལ་འཛོམས་ཀྱི་ དྲོ་ཉོང་ནི་གི་ཕྱག་འགན་ཚུ་གནང་ཏེ་ཡོད།
རྫོང་བདག་རིམ་བྱོན་ཐོ།
གནམ་ལོ་ ༡༩༧༦ ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ དྲག་ཤོས་རྫོང་བདག་རིམ་བྱོན་གྱི་ཐོ་ གཤམས་གསལ།
ཨང་ |
མཚན་གསལ། |
གནམ་ལོ། |
གཡུས། |
༡ |
དྲག་ཤོས་ ཀརྨ་རྡོ་རྗེ། |
༡༩༧༦ - ༡༩༨༡ |
རམ་སྦྱར་ བཀྲ་ཤིསགཡང་རྩེ། |
༢ |
དྲག་ཤོས་ སྤ་སངས་སྟོབས་རྒྱས། |
༡༩༨༡ - ༡༩༨༥ |
བསམ་མཁར་ བཀྲ་ཤིས་སྒང་། |
༣ |
དྲག་ཤོས་ ཐུགས་རྗེ་ཡོན་གཏན། |
༡༩༨༥ - ༡༩༨༨ |
བྱང་ས་ སྤ་རོ། |
༤ |
དྲག་ཤོས་ དགོན་པོ་ཚེ་རིང་། |
༡༩༨༨ - ༡༩༨༩ |
སྤ་རོ། |
༥ |
དྲག་ཤོས་ རྡོ་རྗེ་རྣམ་རྒྱལ། |
༡༩༨༩ - ༡༩༩༡ |
སྤ་རོ། |
༦ |
དྲག་ཤོས་ རྡོ་རྗེ་དབང་འདུས། |
༡༩༩༡ - ༡༩༩༧ |
དགྲ་མེད་རྩེ་ མོང་སྒར། |
༧ |
དྲག་ཤོས་ དཔལ་ལྡན་དབང་ཕྱུག |
༡༩༩༧ - ༢༠༠༣ |
དབང་འདུས་ཕོ་བྲང་། |
༨ |
དྲག་ཤོས་ སངས་རྒྱས་རྡོ་རྗེ། |
༢༠༠༣ - ༢༠༠༧ |
བཀྲ་ཤིས་གཡང་རྩེ། |
༩ |
དྲག་ཤོས་ ཕུརཔ་ཚེ་རིང་། |
༢༠༠༧ - ༢༠༡༣ |
སྤ་རོ། |
༡༠ |
དྲག་ཤོས་ སྒོ་གླེང་ཚེ་རིང་། |
༢༠༡༣ - ༢༠༡༦ |
སྒོ་གླིང་ ཞལ་སྒང་། |
༡༡ |
དྲག་ཤོས་ མཐར་ཕྱིན་ལྷུན་གྲུབ། |
༢༠༡༦ - |
ཆུ་སྨད་ བུམ་ཐང་། |
དྲན་གསོ། རྫོང་ཁག་གི་གནད་བསྡུས་འདི་ མ་འོངས་བུ་བརྒྱུད་དང་ཞིབ་འཚོལ་པ་ཚུ་གིས་དོན་ལུ་ རྒན་རབ་ཚུ་གིས་ཞལ་རྒྱུན་ཐོག་གསུང་གནང་མི་དང་འཁྲིལ་ བློ་མན་རང་གིས་བསྡུ་སྒྲིགས་འབད་དེ་ རང་ལུགས་གནམ་ལོ་ ལྕགས་ཕོ་བྱི་ལོ་ རང་ཟླ་༨ པའི་ཚེས་༢༨ སྤྱི་ཚེས་༠༩/༡༠/༢༠༢༠ ལུ་ རྫོང་ཁག་སྲོལ་འཛིན་འགོ་དཔོན་གོངམ་ པད་མདབང་གྲགས་༼ཕྱག་ཞུ་ལོ་ སྤྱི་ལོ་ ༢༠༡༥ དབྱིན་ཟླ་དང་པ་ལས་་་་་་་་་་་་་༽ མིང་པས།།
རྫོང་ཁག་སྲོལ་འཛིན་འགོ་དཔོན་གྱི་ཐོ།
ཨང་ |
མིང་གསལ། |
གནམ་ལོ། |
གཡུས། |
༡ |
སྐལ་བཟང་རྒྱ་མཚོ། |
༢༠༠༥-༢༠༡༠ |
སེབ་ བཀྲ་ཤིསགཡང་རྩེ། |
༢ |
སངས་རྒྱས་བཀྲ་ཤིས། |
༢༠༡༠-༢༠༡༥ |
མེ་རག་ བཀྲ་ཤིས་སྒང། |
༣ |
པད་མ་དབང་གྲགས། |
༢༠༡༥- |
དུང་མིན་ པདྨ་དགའ་ཚལ། |